སིཌ་ནི། Sidney
ངོ་སྤྲོད།

༉ སིཌ་ནི་འདི་ ནིའུ་སཱའུཐ་ཝེལསི་གི་རྒྱལ་ས་ཨིནམ་དང་ ཨོསི་ཊེ་ལི་ཡ་གི་མངའ་སྡེ་སྦོམ་ཤོས་དང་ སྙན་གྲགས་ཅན་གྱི་ཁྲོམ་ཅིག་ཨིན། སིཌ་ནི་གི་མཚོ་ཁ་དང་ སིཌ་ནི་གི་ཨོ་པེ་ར་ཁང་ཁྱིམ་ དེ་ལས་ མཚོ་མཐའི་ཟམ་འདི་ འཛམ་གླིང་ནང་ ཡོངས་གྲགས་ཡོད་པའི་ས་ཁོངས་ རང་བཞིན་གྱི་མཛེས་ཆ་དང་ ཕུན་སུམ་ཚོགས་པའི་ཁྲོམ་སྡེའི་མི་ཚེ་གཉིས་ གཅིག་ཁར་མཉམ་འབྲེལ་འབད་དེ་ཡོདཔ་ཨིན། མཛེས་ཆ་ཅན་གྱི་མཚོ་མཐའ་དང་ ཕྱུག་པའི་ལམ་སྲོལ་གྱི་སྔར་ཤུལ་ དེ་ལས་ མི་རིགས་མ་འདྲཝ་སྣ་ཚོགས་སྡོད་མི་དང་གཅིག་ཁར་ སིཌ་ནི་འདི་ བལྟ་བཤལ་དང་ ཚོང་ལཱ་ ཤེས་ཡོན་གྱི་ལྟེ་བ་ཅིག་ཨིན། དེ་གི་སྤྲོ་བ་ཆེ་བའི་ཁོར་ཡུག་དང་ མཛེས་ཆ་ཅན་གྱི་མཐའ་འཁོར་ལུ་བརྟེན་ འཛམ་གླིང་ནང་ ལྟ་བཤལ་པ་ཚུ་གི་དོན་ལུ་ ས་ཁོངས་གཙོ་བོ་ཅིག་ལུ་གྱུར་ཏེ་ཡོད།
ས་ཆའི་བཀོད་པ་ རྒྱ་ཚད་ བདག་སྐྱོང་ས་ཁོངས།
སིཌ་ནི་འདི་ ཨོསི་ཊེ་ལི་ཡ་གི་ཤར་ཕྱོགས་ཀྱི་མཚོ་མཐའ་ལུ་ ཊསི་མཱན་རྒྱ་མཚོ་ཁ་ཐུག་ ནིའུ་སཱའུཐ་ཝེལསི་མངའ་སྡེ་ནང་ཨིན། འདི་གིས་ ས་ཁྱོན་ སྦོམ་ཚད་ ཡུདཔ་ཅིག་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡༢,༣༦༨ ཡོདཔ་དང་ ཨོསི་ཊེ་ལི་ཡ་ནང་ ས་ཁྱོན་གྱི་ཐད་ཁར་ སྦོམ་ཤོས་ཅིག་ཨིན། སིཌ་ནི་གི་ཁྲོམ་ཚོགས་ནང་ མཚོ་མཐའི་ས་ཁོངས་དང་ རྒྱལ་ཡོངས་ཀྱི་ལྡུམ་ར་ དེ་ལས་ ཁྲོམ་གྱི་ལྟེ་བ་ཚུ་མཉམ་སྡེབ་འབད་དེ་ཡོད། བདག་སྐྱོང་གི་ཐད་ཁར་ སིཌ་ནི་འདི་ ས་གནས་གཞུང་གི་ས་ཁོངས་ ༣༠ ལས་ལྷགཔ་ཅིག་ནང་ ས་གོ་དབྱེ་བ་ཕྱེ་སྟེ་ཡོད། དེ་ཚུ་ནང་ལས་ སིཌ་ནི་ཁྲོམ་སྡེ་གིས་ ཚོང་ལཱ་ལྟེ་བའི་ས་ཁོངས་སྦེ་ ལཱ་འབདཝ་ཨིནམ་དང་ ས་གནས་གཞུང་གི་ས་ཁོངས་ཚུ་གིས་ ས་གནས་ཀྱི་ཞབས་ཏོག་དང་ འཆར་གཞི་ཚུ་ འཛིན་སྐྱོང་འབད་དོ་ཡོདཔ་དང་ མངའ་སྡེ་གཞུང་གིས་ ཁྲོམ་ཚོགས་ས་ ཁོངས་ཡོངས་ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ཞབས་ཏོག་ཡར་རྒྱས་ཚུ་ ལྟ་རྟོག་འབདཝ་ཨིན།
བྱུང་རབས།
སིཌ་ནི་གི་ལོ་རྒྱུས་འདི་ ཨེའོ་རའི་མི་བརྒྱུད་ཀྱི་རྒྱ་དྷི་གྷལ་མི་སྡེ་ཚུ་དང་གཅིག་ཁར་ འགོ་བཙུགས་ཏེ་ཡོདཔ་ཨིན། ཁོང་ཚུ་ བྲི་ཊིཤ་གི་མི་ཚུ་མ་ལྷོད་པའི་ཧེ་མ་ ལོ་ངོ་སྟོང་ཕྲག་མང་རབས་ཅིག་གི་རིང་ལུ་ ས་ཁོངས་འདི་ནང་སྡོད་ནུག། སྤྱི་ལོ་ ༡༧༨༨ ལུ་ སྤྱི་དཔོན་ཨར་ཐར་ཕི་ལིཔ་གིས་ འགོ་འདྲེན་འཐབ་སྟེ་ གྲུ་ཚོགས་དང་པ་འདི་ པོརཊ་ཇེཀ་སཱོན་ལུ་ལྷོད་དེ་ སིཌ་ནི་འདི་ བཙོན་པ་ཚུ་སྡོད་ས་སྦེ་ གཞི་བཙུགས་འབད་ནུག། ཨོས་ཊེ་ལི་ཡ་ནང་ ཡུ་རོ་པི་ཡན་གྱི་གཞིས་ཆགས་དང་པ་ཨིན། དེ་ལས་ ས་གནས་འདི་ རིམ་གྱིས་སྦེ་ མཐའ་འཁོར་ལུ་ ཡར་རྒྱས་འགྱོ་སྟེ་ ཚོང་ལཱ་གི་མཚོ་ཁ་སྦོམ་ཅིག་ལུ་ འགྱུར་ནུག། དུས་རབས ༡༩ པ་དང་ ༢༠ པའི་ ཧྲིལ་བུ་གི་བར་ན་ སིཌ་ནི་འདི་ མགྱོགས་དྲགས་སྦེ་ སྦོམ་ཐལ་ཡོདཔ་དང་ མི་རིགས་མ་འདྲཝ་ སྣ་ཚོགས་ཡོད་པའི་ ས་གནས་སྦོམ་ཅིག་ལུ་གྱུར་ཡོད། ད་རེས་ནངས་པ་ ཁོ་གི་ཕྱུག་པའི་གདོད་མའི་སྔར་ཤུལ་དང་ བཙན་བཟུང་གི་ཧེ་མའི་དུས་སྐབས་ཚུ་ལུ་བརྟེན་ ལམ་སྲོལ་སྣ་རྟགས་དང་ ཁྱིམ་བཟོའི་བཀོད་པ་ དེ་ལས་ ལོ་རྒྱུས་ཅན་གྱི་ས་ཁོངས་ཚུ་ནང་ འགྲེམ་སྟོན་འབད་དེ་ཡོད།
མི་རློབས་དང་མི་རིགས།
སིཌ་ནི་ནང་ མི་གྲངས་ས་ཡ་ ༥ ལས་ལྷག་སྟེ་ཡོདཔ་ལས་ ཨོསི་ཊེ་ལི་ཡ་ནང་ ག་ནི་བ་མི་རློབས་མང་བའི་ཁྲོམ་ཅིག་ཨིན། དེ་ནི་ བརྒྱ་ཆ་ ༤༠དེ་ཅིག་ ཕྱི་ཁར་སྐྱེས་ཏེ་ཡོདཔ་ལས་ ལམ་སྲོལ་གྱི་ཐད་ཁར་ སྣ་ཚོགས་འཛོམས་ཡོད་པའི་ཁྱད་ཆོས་ཡོད། ཁྲོམ་འདི་ནང་ མི་རིགས་མ་འདྲཝ་སྣ་ཚོགས་སྦེ་ ཡོདཔ་དང་ དེ་ཚུ་གི་ནང་ལུ་ བྲི་ཊིཤ་དང་ རྒྱ་ནག་ རྒྱ་གར་ ལེ་བ་ནིསི་ ཝེཊ་ནཱམ་དང་ ཕེ་ལི་པིནསི་མི་སྡེ་ཚུ་ཚུདཔ་ཨིན། སིཌ་ནི་ནང་ སྔོན་མའི་མི་རིགས་ཀྱི་མི་རློབས་ ཡང་ གལ་ཅན་ཅིག་ཡོདཔ་དང་ ཁོང་ཚུ་ གཙོ་བོ་ ཨེའོ་ར་མི་བརྒྱུད་ཀྱི་རྒྱ་དྷི་གྷལ་གྱི་མི་སྡེ་ཨིན། མི་རིགས་སྣ་ཚོགས་ཀྱི་བཟོ་བཀོད་འབད་མི་འདི་གིས་ ཁྲོམ་གྱི་ ཕྱུག་པའི་ལམ་སྲོལ་དང་ཟ་ཆས་ དེ་ལས་ མི་སྡེ་གི་གནས་སྟངས་ཚུ་ལུ་ ཁེ་ཕན་བྱུངམ་ཨིན།
སྐད་ཡིག་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་དང་ ཐུན་མིན་ཁྱད་ཆོས།
སིཌ་ནི་ནང་ གཙོ་བོ་ལག་ལེན་འཐབ་པའི་སྐད་རིགས་འདི་ ཨིང་སྐད་ཨིན་རུང་ མི་སྡེ་མང་ཤོས་ཅིག་གིས་ མེན་ཌ་རིན་དང་ ཨ་ར་བིཀ་ ཧིན་དྷི་བཟུམ་ སྐད་ཡིག་མ་འདྲཝ་ཚུ་སླབ་ཨིན། ཁྲོམ་འདི་གིས་ སྣ་ཚོགས་ཅན་གྱི་ལམ་སྲོལ་ཚུ་ ཡོངས་ལུ་དགའ་བསུ་འབདཝ་ཨིན། ལམ་སྲོལ་འདི་ ཁོང་གི་དུས་སྟོན་ཚུ་དང་ ཟ་ཆས་ སྒྱུ་རྩལ་ཚུ་ནང་ སྟོནམ་ཨིན། མི་སྡེའི་མི་ཚེ་འདི་ མཚོ་མཐའ་དང་ ཁྲོམ་སྟོང་ནང་གི་ས་སྒོ་ དེ་ལས་ ཕྱི་ཁའི་རྩེད་སྟོན་ཚུ་གི་ མཐའ་འཁོར་ལུ་འབད་བཞིན་ཡོད། སིཌ་ནི་འདི་ ཆོས་ལུགས་སྣ་ཚོགས་ཡོད་པའི་ ཁྲོམ་ཅིག་ཨིནམ་དང་ ཡེ་ཤུ་དང་ ཨིས་ལཱམ་ ནང་པ་ དེ་ལས་ ཧིན་དུ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཆོས་ཕྱོགས་ཀྱི་སྦྱང་བ་འབདཝ་ཨིན། སིཌ་ནི་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་ རང་བཞིན་གྱི་མཛེས་ཆ་དང་ སྙན་གྲགས་ཅན་གྱི་ས་ཁོངས་ དེ་ལས་ ལམ་སྲོལ་སྣ་ཚོགས་བཅས་ཡོདཔ་ཨིན།
གནམ་གཤིས་དང་མཐའ་འཁོར།
སིཌ་ནི་ལུ་ ཚ་དྲོད་ལྡན་པའི་བྱཱར་དང་ བསིལ་དྲོད་ལྡན་པའི་དགུན་དུས་ གནམ་གཤིས་ཕུན་སུམ་ཚོགས་སྦེ་ཡོདཔ་ཨིན། བྱཱར་གྱི་དྲོད་ཚད་ ཨ་རྟག་ར་ ཧ་ལམ་ དྲི་གི་རི་སེལ་ཤི་ཡས་ ༢༦ གནས་ཡོདཔ་ད་ དགུན་གྱི་དྲོད་ཚད་འདི་ དྲི་གི་རི་སེལ་ཤི་ཡས་ ༨ ལས་མར་ བབ་འགྱོཝ་ཨིན། ཁྲོམ་འདི་ནང་ ལོ་གཅིག་ གི་རིང་ལུ་ར་ ཉིམ་ཤུགས་སྦེ་ཤརཝ་ཨིནམ་དང་ ཟླ་དང་པའི་ཕྱེད་ཀ་ནང་ལས་ ཆརཔ་ཚུ་འབབ་ནི་ཡང་ རན་ཏོག་ཏོ་ཅིག་འབད་ཡོད། སྐྱེ་ལྡན་རིགས་སྣ་ལུ་ རྒྱབ་སྐྱོར་འབད་དེ་ སིཌ་ནི་འདི་ ལྡུམ་ར་ལེ་ཤ་དང་ མཚོ་མཐའ་ དེ་ལས་ རྒྱལ་ཡོངས་ལྡུམ་ར་དང་གཅིག་ཁར་ ཧིང་སངས་ས་དང་ སྔོ་ལྗང་ལྡན་པའི་ཁྲོམ་ ཅིག་ཨིནམ་འབད་ སྙན་གྲགས་ཅན་དེ་གིས་ མི་སེར་ཚུ་ལུ་ ཕྱི་ཁར་ལུ་ཕན་ཐོགས་ཅན་གྱི་མི་ཚེ་སྐྱོང་ནི་ལུ་ གོ་སྐབས་བྱིནམ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
སིཌ་ནི་ལུ་ དངུལ་འབྲེལ་དང་ འཕྲུལ་རིག་ བལྟ་བཤལ་ དེ་ལས་ ཤེས་ཡོན་གྱིས་རྒྱབ་སྐྱོར་འབད་མི་ སྒྲིང་སྒྲིང་དང་སྣ་ཚོགས་ཅན་གྱི་དཔལ་འབྱོར་ཡོད། འདི་ནི་ ཨོས་ཊེ་ལི་ཡ་གི་དངུལ་འབྲེལ་ལྟེ་བ་ཅིག་ཨིནམ་ད་ དངུལ་ཁང་སྦོམ་ཚུ་དང་ རྒྱལ་སྤྱི་ལས་སྡེ་ཚུ་ཡོད། ཁྲོམ་་གྱི་མཚོ་ཁ་དེ་གིས་ ལྷག་པར་དུ་ ཅ་ ཆས་དང་ཞབས་ཏོག་ཚུ་གི་ནང་ རྒྱལ་སྤྱི་ཚོང་འབྲེལ་ལུ་ རྒྱབ་སྐྱོར་བྱིནམ་ནི། སིཌ་ནི་གིས་ རྒྱལ་སྤྱི་མ་རྩ་བཙུགས་མི་ཡང་ འབོ་ཚུགསཔ་ད་ རྒྱལ་ཡོངས་ དཔལ་འབྱོར་ལུ་ གལ་ཆེ་བའི་ཁེ་ཕན་ མང་རབས་ཅིག་བྱིན་ཏེ་ ཨེ་ཤི་ཡ-པེ་སི་ཕིཀ་གི་ཚོང་ལཱ་ལྟེ་བ་ གཙོ་བོ་ཅིག་གི་གནས་སྟངས་ བདག་འཛིན་འབདཝ་ ཨིན།
གསོ་བ་དང་ཤེས་རིག།
སིཌ་ནི་གིས་ སྤུས་ཚད་མཐོ་བའི་གསོ་བ་དང་ ཤེས་ཡོན་ཞབས་ཏོག་ཚུ་བྱིནམ་ཨིན། འདི་ལུ་ ཡར་རྒྱས་ཅན་གྱི་གསོ་བའི་ཞབས་ཏོག་བྱིན་མི་ རྒྱལ་འཛིན་ པི་རིནསི་ཨལ་ཕི་རེཌ་དང་ སེནཊ་ཝིན་སེན་གསོ་བའི་སྨ་ཁང་བཟུམ་ནང་ ལེགས་ཤོམ་སྦེ་ ཡར་རྒྱས་ཐོན་པའི་མི་དམངས་དང་ སྒེར་སྡེའི་གསོ་བའི་ ལམ་ ལུགས་ཚུ་ཡོད། ཁྲོམ་དེ་ནི་ ཤེས་ཡོན་གྱི་ལྟེ་བ་ཅིག་ཡང་ཨིནམ་ད་ སིཌ་ནི་གཙུག་ལག་སློབ་སྡེ་དང་ ཨེན་ཨེསི་ཌབ་ལུ་གཙུག་ལག་སློབ་སྡེ་བཟུམ་ འཛམ་གླིང་ ནང་ མཚན་གྲགས་ཡོད་པའི་གཙུག་ལག་སློབ་སྡེ་ཚུ་ཡོད། སློབ་གྲྭ་དང་གཙུག་སྡེ་ཚུ་གིས་ འཛམ་གླིང་ག་ཏེ་ལས་ཡང་ སློབ་ཕྲུག་ཚུ་ འབོ་སྟེ་ སྣ་ཚོགས་ཅན་ གྱི་ ལས་རིམ་ཚུ་ བྱིནམ་ཨིན། སིཌ་ནི་གིས་གསར་གཏོད་འབད་ནི་དང་ ཞིབ་འཚོལ་གྱི་བརྩི་མཐོང་ཚུ་ལུ་བརྟེན་ ཨོས་ཊེ་ལི་ཡ་ནང་ ཤེས་ཡོན་དང་ གསོ་ བའི་ལྟེ་བ་ གཙོ་བོ་ཅིག་ལུ་ གྱུར་ཏེ་ཡོད།
དཀའ་ངལ་དང་གདོང་ལེན།
སིཌ་ནི་ལུ་ ཁང་གླ་སྤྲོད་ཚུགས་པའི་ སྡོད་ཁྱིམ་འཐོབ་ནི་ལུ་ ལ་ཁག་ཅིག་དང་ སྣུམ་འཁོར་གྱི་འགྲུལ་འཁོར་མང་དྲགས་ དེ་ལས་ ཁྲོམ་སྡེ་འགྱེལ་ཏེ་འགྱོ་ནི་བཟུམ་གྱི་ དཀའ་ངལ་མང་རབས་ཅིག་འབྱུངམ་ཨིན། མི་རློབས་མགྱོགས་པ་ར་ ཡར་འཕར་འགྱོ་མི་ལུ་བརྟེན་ གཞི་རྟེན་མཁོ་ཆས་དང་ མི་དམངས་སྐྱེལ་འདྲེན་ཚུ་ འཐུས་ཤོར་འགྱོཝ་ཨིན། འདི་མ་ཚད་ བཙོག་རླུང་དང་ སྡོད་གནས་བརླག་ནི་བཟུམ་ མཐའ་འཁོར་དང་འབྲེལ་བའི་ཚ་གྱང་ཚུ་གིས་ཡང་ གནད་དོན་མང་རབས་ཅིག་བཀོད་དེ་ཡོདཔ་ཨིན། མི་སྡེའི་དྲང་བདེན་རྒྱུན་སྐྱོང་འཐབ་ནི་དང་ མི་སྡེ་སྣ་ཚོགས་ཚུ་གི་ དགོས་མཁོ་ཚུ་ བདག་འཛིན་འཐབ་ནི་ཡང་ ཁྲོམ་གྱི་འཆར་གཞི་བཟོ་མི་ཚུ་དང་ སྲིད་བྱུས་བཟོ་མི་ཚུ་གི་དོན་ལུ་ རྒྱུན་སྐྱོང་གི་བྱ་དཀའ་བའི་ལཱ་ཅིག་སྦེ་གནས་ཏེ་ཡོད།
རྒྱབ་རྟེན།
https://en.wikipedia.org/wiki/Sydney
