ཡུ་ནའེ་ཊེཌ་ ཨིས་ཊེཌས་ཨོཕ་ཨ་མི་རི་ཀ། ེ United State of America

ངོ་སྤྲོད།
ཡུ་ནའི་ཊེཌ་ ཨིས་ཊེཌས་ ཨོཕ་ ཨ་མི་རི་ཀ་འདི་ བྱང་ཕྱོགས་ཨ་མི་རི་ཀའི་གླིང་ཆེན་ནང་ལུ་ ཆགས་ཏེ་ཡོདཔ་ཨིན། ས་མཚམས་འདི་ བྱང་ཕྱོགས་ལུ་ཀེ་ན་ཌ་རྒྱལ་ཁབ། ལྷོ་ཕྱོགས་ལུ་མེཀ་སི་ཀོ་རྒྱལ་ཁབ། ཤར་ཕྱོགས་ལུ་ཨེཊ་ལཱན་ཊིཀ་རྒྱ་མཚོ། ནུབ་ཕྱོགས་ལུ་ པེ་སི་ཕིག་རྒྱ་མཚོ་ཚུ་ཡོདཔ་ཨིན་པས། ཨ་ལསི་ཀ་དང་ ཧ་ཝའི་མངའ་སྡེ་བརྩིས་ཏེ་ ས་གོ་ཀི་ལོ་མི་ཊར་གྲུ་བཞི་ས་ཡ་ ༩.༨ དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ འཛམ་གླིང་ནང་ལུ་ རྒྱ་ཚད་ཀྱི་ཐད་ཁར་ རྒྱལ་ཁབ་སྦོམ་ཤོས་གསུམ་པ་ཨིན་པས།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

རྒྱལ་ས་ལྟེ་བ་འདི་ ཝ་ཤིང་ཊོན་ཌི་སི་ཁྲོམ་སྡེ་ཨིན་པས། ཁྲོམ་སྡེ་འདི་ སྤྱི་གཞུང་གི་གཙུག་སྡེ་དང་ དྲན་རྟེན་གྱི་ཡོངས་གྲགས་ཡོདཔ་ཨིན། ཁྲོམ་སྡེ་སྦོམ་གཞན་ཚུ་ཡང་ དངུལ་འབྲེལ་དང་ལམ་སྲོལ་གྱི་ལྟེ་བ་ཨིན་མི་ ནིའུ་ཡོཀ་ཁྲོམ་སྡེ། སྤྲོ་སྟོན་ལས་རིམ་དང་ འཕྲུལ་རིག་གི་ལྟེ་བ་ཨིན་མི་ ལོསི་ཨེན་ཇ་ལིསི། བཟོ་གྲྭ་དང་ བཟོ་བཀོད་ཀྱི་ལྟེ་བ་ཨིན་མི་ ཅི་ཀ་གོ། ནུས་ཤུགས་ཀྱི་ལྟེ་བ་ཨིན་མི་ ཧིའུས་ཊོན། གསར་གཏོད་དང་ སི་ལི་ཀཱོན་ཝེ་ལི་ཡོངས་གྲགས་ཅན་སྦེ་ཡོད་མི་ སེན་ ཕརན་སིས་ཀོ་ཚུ་ཨིན་མས།
མི་རློབས།
སྤྱི་ལོ་ ༢༠༢༥ ལས་ཡུ་ཨེསི་གི་ མི་རློབས་འདི་ ཧ་ལམ་ས་ཡ་ ༣༣༥ ཡོདཔ་ལས་ རྒྱལ་ཁབ་འདི་ འཛམ་གླིང་ནང་ མི་རློབས་མཐོ་ཤོས་ཀྱི་གྱལ་རིམ་ནང་ཨང་ ༣ པ་ནང་ཚུད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ཁྲོམ་ཚོགས་གོང་འཕེལ་ གནམ་མེད་ས་མེད་འགྱོ་ཡོདཔ་དང་ ཕྱི་མི་ནང་སྐྱོད་ཀྱིས་སྦེ་ མི་རིགས་མ་འདྲཝ་དང་ མི་རློབས་ཡར་སེང་ དེ་ལས་ ལམ་སྲོལ་ཡང་ སྣ་ཚོགས་སྦེ་འབྱུང་སྟེ་ཡོདཔ་ཨིན་པས།
མི་རིགས།
ཡིའུ་ཨེསི་འདི་ མི་རིགས་སྣ་ཚོགས་ཡོད་པའི་མི་སྡེ་ཅིག་ཨིན། མི་རློབས་བརྒྱ་ཆ་ ༥༩ མི་དཀརཔོ། བརྒྱ་ཆ་ ༡༩ ཧིས་པེ་ནིཀ་ཡང་ན་ ལེ་ཊི་ནོ། བརྒྱ་ཆ་ ༡༣ གནགཔོ་ཡང་ན་ ཨཕ་རི་ཀེན་ཨ་མི་རི་ཀེན་(African-American)། བརྒྱ་ཆ་ ༦ ཨེ་ཤི་ཡཱན། བརྒྱ་ཆ་ཉུང་སུ་ཅིག་ ཨ་མི་རི་ཀ་ལུ་ཧེ་མ་ལས་ཡོད་པའི་མི་རིགས(Native American)་དང་ མི་རིགས་སྣ་ཚོགས་ཚུ་ཨིན་པས། རྒྱལ་ཁབ་འདི་ དུས་ཡུན་རིངམོ་གི་རིང་ལུ་ ལམ་སྲོལ་ཚུ་ སླ་བསྲེ་སའི་ས་ཁོངས་སྦེ་ ཆ་བཞག་ནུག།
ཁ་སྐད།
སྤྱི་གཞུང་གི་གནས་ཚད་ཁར་ གཞུང་འབྲེལ་གྱི་ཁ་སྐད་མེད་རུང་ ཨིང་ལིཤ་འདི་ རྒྱལ་ཡོངས་ཀྱི་ཁ་སྐད་ངོ་མ་ཨིན། ཨིས་པེ་ནིཤ་འདི་ གནམ་མེད་ས་མེད་ཁྱབ་ཆེཝ་སྦེ་ སླབ་མི་ཁ་སྐད་གཉིས་པ་ཨིན་པས། མི་སྡེ་མང་ཤོས་ཀྱིས་ར་ རྒྱལ་ཁབ་ཀྱི་ ཕྱི་མི་ནང་སྐྱོད་འབྱུང་ཡོད་མི་ཚུ་ལས་བརྟེན་ ཁ་སྐད་གཞན་སླབ་མི་ཡང་ ལེ་ཤ་ཡོདཔ་ཨིན་པས།
རྒྱལ་རབས་དང་ཆོས་ལུགས།
ཡིའུ་ཨེསི་འདི་ སྤྱི་ལོ་ ༡༧༧༦ ལུ་ བིརི་ཊེན་ལས་ རང་དབང་རང་བཙན་འཐོབ་པའི་ གསལ་བསྒྲགས་འབད་ཞིནམ་ལས་ སྤྱི་གཞུང་གི་མི་སེར་རྒྱལ་ཁབ་ལུ་གྱུར་ནུག། ཁོང་གི་བྱུང་རབས་ཀྱི་གྲངས་སུ་ ནུབ་ཕྱོགས་ཁ་ཐུག་ལུ་རྒྱ་སྐྱེད། ནང་འཁྲུག། བཟོ་གྲྭ་འཕྲུལ་ཁང་གོང་འཕེལ། འཛམ་གླིང་དམག་འཁྲུག། མི་སེར་ཐོབ་དབང་གི་ངོ་རྒོལ་ཚུ་ཚུདཔ་ཨིན་པས། ཡིའུ་ཨེས་ནང་གི་ཆོས་ལུགས་ ལེ་ཤ་ཡོད་མི་ནང་ལས་ ཡེ་ཤུ་པ་ཚུ་ ཁྱབ་ཆེཝ་སྦེ་ཡོདཔ་དང་(པོརོ་ཊེས་ཊེནཏ་དང་ ཀེ་ཐོ་ལིཀ་) དེ་ལས་ གཞན་ཡང་ ཡ་ཧུ་དཱ་པ། ཨིསི་ལཱམ། ནང་པ། ཧིན་དུ་ཚུ་ཡོདཔ་དང་ ཆོས་ལུགས་ལུ་མ་གནས་པའི་མི་གི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་གོང་འཕེལ།
ཨ་མི་རི་ཀ་གི་ཁྲོམ་སྡེ་ཚུ་ གསར་གཏོད་འབད་ནི་དང་ ལམ་སྲོལ་ དེ་ལས་ ཚོང་འབྲེལ་གྱི་ལྟེ་བ་ཨིན་པས། སྒྲིང་ཁྱིམ་རིངམོ་གིས་(skyscraper) ཁྲོམ་ཚུ་ནང་ཁྱབ་སྟེ་ ཁྲོམ་ཚུ་ནང་ས་གོ་དོག་དྲགས་ སྦེ་མཐོངམ་ཨིན་མས། ཁྲོམ་སྡེ་ དཔེ་འབདན་ བོས་ཊོན། སེ་ཡེ་ཊལ། ཨེཊ་ལན་ཊ། མི་ཡ་མི་བཟུམ་མའི་ཁྲོམ་སྡེ་ཚུ་གིས་ ལམ་སྲོལ་དང་དཔལ་འབྱོར་གྱི་ཉམས་མྱོང་ སྣ་ཚོགས་སྦེ་བྱིནམ་ཨིན། གཞི་རྟེན་མཁོ་ཆས་ཚུ་ ཁྱད་པར་ཞུགསཔ་ལས་ ཁྲོམ་སྡེ་ལ་ལུ་ཅིག་ནང་ མི་མང་སྐྱེལ་འདྲེན་གྱི་དོན་ལུ་ ཡོངས་གྲགས་ཡོདཔ་དང་ གཞན་མི་ཚུ་ སྣུམ་འཁོར་ནང་འགྲོ་འགྲུལ་འབད་ནི་ལུ་བརྟེན་ཏེ་ཡོདཔ་ཨིན་པས།
གནམ་གཤིས།
ཡིའུ་ཨེསི་ལུ་ གནམ་གཤིས་ཀྱི་ཁྱད་པར་ རྒྱ་ཆེ་དྲགས་སྦེ་ ཡོདཔ་ཨིན་པས། ཨ་ལསི་ཀ་མངའ་སྡེ་ནང་ལུ་བྱང་ནི། ཕོལོ་རི་ཌ་དང་ ཧ་ཝའི་ལུ་ དྲོད་དང་ལྡནམ། ལྷོ་ནུབ་ལུ་སྐམ་ས། བྱང་ཤར་ལུ་ བསིལ་དྲོད་ རན་ཏོག་ཏོ་ཡོདཔ་ཨིན་པས། ལུང་ཕྱོགས་དང་འཁྲིལ་ཏེ་ ནམ་དུས་བཞི་ག་ར་དང་ རང་བཞིན་གྱི་རྐྱེན་ངན་ ཆར་རླུང་། རླུང་འཚུབ། ནགས་ཚལ་མེ་རྐྱེན། ས་ཡོམ་ཚུ་མྱོང་དོ་ཡོདཔ་ཨིན་པས།
གཞུང་སྐྱོང་།
ཡིའུ་ཨེསི་འདི་ སྤྱི་གཞུང་གི་མི་སེར་རྒྱལ་ཁབ་སྦེ་ སྲིད་འཛིན་གྱི་ལམ་ལུགས་ཡོདཔ་ཨིན་པས། གཞུང་འདི་ ཡན་ལག་གསུམ་སྦེ་ བགོ་ཡོདཔ་དང་ འདི་ཡང་ བཀོད་ཁྱབ་དང་ ཁྲིམས་བཟོ་ དེ་ལས་ ཁྲིམས་ཀྱི་ཡན་ལག་གསུམ་ཨིན་པས། སྲིད་འཛིན་འདི་རྒྱལ་ཁབ་དང་ གཞུང་གཉིས་ཆ་ར་གི་འགོ་འཛིན་ཨིན། ཡིའུ་ཨེསི་གི་ རྩ་ཁྲིམས་ཆེན་མོའི་ནང་ དམངས་གཙོའི་རིང་ལུགས་ཀྱི་ཐོབ་དབང་ཚུ་ འགན་ལེན་འབདཝ་ཨིན་རུང་ ཕྱོགས་བཟུང་དང་ མི་སེར་གྱི་ཐོབ་དབང་ དེ་ལས་ གཞུང་སྐྱོང་གི་ཐད་ཁར་ སྲིད་དོན་གྱི་རྩོད་འགྲན་ཚུ་ འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ཨིན་པས།
རང་བཞིན་ཆགས་རབས།
ཡིའུ་ཨེསི་ནང་ ས་ཆ་ཚུ་ གནམ་མེད་ས་མེད་སྣ་ཚོགས་སྦེ་ ཡོདཔ་ཨིན་པས། འདི་ནང་ གངས་རི་(རོག་ཀིས་དང་ ཨེ་པཱ་ལ་ཅི་ཡནསི)། བྱེ་ཐང་(མོ་ཇ་བཱེ་དང་ སོ་ནོ་རན་)། ས་ཐང་། ནགས་ཚལ། གཙང་ཆུ་(མིས་སི་སི་པི། ཀོ་ལོ་ར་ཌོ།)། མཚོ་(གི་རེཊ་ལེཀ་)། རྒྱལ་ཡོངས་གླིང་ག་ (ཡེལ་ལོསི་ཀྲོན་དང་ ཡོསི་མའེཊ)་ཚུ་གིས་སྦེ་ མཛེས་ཏོག་ཏོ་དང་ རང་བཞིན་ཐོན་སྐྱེད་དང་ལྡནམ་སྦེ་ཡོདཔ་ཨིན་པཨ།
དཔལ་འབྱོར།
ཡིའུ་ཨེསི་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཌོ་ལར་དུང་ཕྱུར་ ༢༧ ལྷག་ཙམ་ཡོདཔ་ལས་ འཛམ་གླིང་གི་དཔལ་འབྱོར་སྦོམ་ཤོས་ཨིན་པས། ཁོང་གི་ འཕྲུལ་རིག། དངུལ་འབྲེལ། བཟོ་སྐྲུན། སོ་ནམ་ཚུ་ནང་ འཛམ་གླིང་གི་འགོ་ཁྲིདཔ་སྦེ་འབད་དོ་ཡོདཔ་ཨིན་པས། ཕྱིར་ཚོང་གཙོ་བོ་འདི་ གནམ་གྲུ། གློག་འཕྲུལ། འཕྲུལ་ཆས། སྣུམ་འཁོར། སོ་ནམ་ཐོན་སྐྱེད་ཚུ་ཨིན་མས། ནང་འདྲེན་གྱི་གྲངས་སུ་ ཉོ་སྤྱོད་ཅ་ཆས། ས་སྣུམ། གློག་འཕྲུལ། སྣུམ་འཁོར་ཚུ་ཚུདཔ་ཨིན།
ལམ་སྲོལ་དང་གྱོན་ཆས།
ཨ་མི་རི་ཀ་གི་ལམ་སྲོལ་ལས་ གློག་བརྙན། སྙན་ཆ། དུས་བབ་གྱོན་ཆས། བརྡ་བརྒྱུད་ཚུ་ལས་བརྒྱུད་དེ་ འཛམ་གླིང་ནང་ཡོངས་གྲགས་སྦེ་ ཁྱབ་སྤེལ་དང་ རྗེས་སུ་འཇུག་བཅུགཔ་ཨིན་པས། སྔར་སྲོལ་གྱི་གྱོན་ཆས་འདི་ དུས་སྟོན་སོ་སོ་དང་འཁྲིལ་ སོ་སོ་ཡོདཔ་ཨིན་རུང་ ཨ་མི་རི་ཀ་གི་མི་ མང་ཤོས་ཀྱིས་རང་ སྤྱིར་བཏང་གི་གྱོན་ཆས་ གྱོནམ་ཨིན་པས། ལུང་ཕྱོགས་ཀྱི་ ལུགས་སྲོལ་ཚུ་ཡོདཔ་ཨིནམ་དང་ ནུབ་ཕྱོགས་ལུ་ ནོར་རྫིཔ་ཕོ་(cowboy) གི་གྱོན་ཆས་དང་ ཁྲོམ་སྡེ་སྦོམ་ཚུ་ནང་ ཁྲོམ་གྱི་དུས་བབ་གྱོན་ཆས་ཀྱི་སྲོལ་ཚུ་ ལག་ལེན་འཐབ་ཨིན་པས།
ལྟ་བཤལ།
ཡིའུ་ཨེས་ལུ་ལྟ་བཤལ་འདི་ ཚོང་སྒྱུར་གྱི་གོ་སྐབས་ གཙོ་བོ་ཅིག་ཨིན། ལྟ་བཤལཔ་ཚུ་གིས་ རང་བཞིན་གྱི་ཡ་མཚན་ཆེ་བའི་ས་གོ་ གེརེནཌ་ཀེན་ཡོན་དང་ ནི་ཡ་ག་ར་ཕཱལསི། དེ་ལས་ རྒྱལ་རབས་ཅན་གྱི་ས་གནས་ ཨིན་ཌི་པེན་ཌེནསི་ཧཱལ་(Independence Hall)། ལམ་སྲོལ་གྱི་ས་ཆ་ཁྱད་འཕགས་ཅན་ ནིའུ་ཡོག་དང་ ལོསི་ཨེན་ཇ་ལིསི་གི་ཁྲོམ་སྡེ། སྤྲོ་སྟོན་གླིང་ག་ ཌིས་ནེ་ཝརལཌ། རྒྱལ་ཡོངས་གླིང་ག་དང་ འཁོར་ལམ་སྐོར་འགྲུལ་ཚུ་ཡང་ ཡོངས་གྲགས་ཡོདཔ་ཨིན་པས།
རྩེད་རིགས།
ཨ་མི་རི་ཀཱན་རྐང་རྩེད། དྲྭ་རིལ། བེསི་བཱོལ། འཁྱེག་གི་འདེད་རིལ་ཚུ་ རྩེད་རིགས་ གནམ་མེད་ས་མེད་ ཡོངས་གྲགས་ཅན་ཨིན་པས། ཡིའུ་ཨེསི་གི་ ཨོ་ལིམ་པིག་གི་ནང་ དམིགས་གསལ་དུ་ རྩལ་རྐྱབ་ནི་དང་ ལུས་རྩལ་ནང་ཡང་ ལེགས་ཤོམ་ཡོདཔ་ཨིན་པས། རྩེད་རིགས་ཚུ་ ཨ་མི་རི་ཀཱན་གྱི་ངོ་རྟགས་དང ་མི་སྡེའི་མི་ཚེ་ནང་ སྤྲོ་བ་ཆེ་ཤོས་སྦེ་ ཡོདཔ་ཨིན་པས།
བཞེས་སྒོ།
ཨ་མི་རི་ཀ་གི་བཞེས་སྒོ་འདི་ སྣ་ཚོགས་ཡོདཔ་དང་ ཕྱི་མི་ནང་སྐྱོད་འབད་མི་ མི་རློབས་འདི་གི་ཤན་ཞུགས་ནུག། ཡོངས་གྲགས་ཅན་གྱི་བཞེས་སྒོ་གི་གྲངས་སུ་ བར་གཱར། ཧོཊ་ཌོག། པི་ཛ། བྱ་ཤ་བརྔོ་བརྔོཝ་དང་ ལུང་ཕྱོགས་ཀྱི་བཞེས་སྒོ་གྲངས་སུ་ ཊེགསི་མེགསི་དང་ ལྷོ་ཕྱོགས་ཀྱི་སྲེག་ཟས་ དེ་ལས་ ནིའུ་ཨིང་ལེནཌ་གི་མཚོ་ཟས་ཚུ་ ཚུདཔ་ཨིན། མགྱོགས་ཟས་(fast food)འདི་ ཨ་མི་རི་ཀཱན་གྱི་ལམ་སྲོལ་ རྒྱལ་སྤྱི་ནང་ཕྱིར་ཚོང་འབད་དོ་བཟུམ་ཅིག་ཨིན།
ཕྱི་འབྲེལ་མཐུན་ལམ།
ཡིའུ་ཨེསི་འདི་ འཛམ་གླིང་སྲིད་དོན་ནང་ལུ་ གལ་ཆེ་བའི་འགན་ཁུར་ འབག་མི་ཅིག་ཨིན་པའི་ཁར་ འཛམ་གླིང་སྤྱི་ཚོགས་དང་ ནེ་ཊོ་ དེ་ལས་ གཞན་རྒྱལ་སྤྱིའི་འདུས་ཚོགས་ཚུ་གི་ གཞི་བཙུགས་འབད་མི་ འཐུས་མི་ཡང་ཨིན་པས། རྒྱལ་ཁབ་འདི་གིས་ ཕྱི་འབྲེལ་མཐུན་ལམ་དང་ དཔལ་འབྱོར་ དེ་ལས་ དམག་སྡེའི་མཐུན་ལམ་ཚུ་ རྒྱུན་སྐྱོང་འབདཝ་མ་ཚད་ འཛམ་གླིང་གནམ་གཤིས་འགྱུར་བཅོས་དང་ དྲག་ཐོག་དབང་བཙོང་ དེ་ལས་ མི་མང་གསོ་བའི་གདོང་ལེན་ཚུ་ བསལ་ནིའི་ནང་ གཙོ་བོར་བཏོན་དོ་ཡོདཔ་ཨིན།
མཇུག་དོན།
ཡིའུ་ཨེསི་འདི་ རྒྱ་ཆེ་དྲགས་དང་ སྒྱུར་ནུས་ཅན་གྱི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་འདི་ སྣ་ཚོགས་ཅན་དང་ གསར་བཏོད་ལྡན་པ་ དེ་ལས་ རྒྱལ་སྤྱིའི་འགོ་ཁྲིདཔ་སྦེ་ ཡོངས་གྲགས་ཡོདཔ་ཨིན། ཁོང་རའི་ ནང་འཁོད་དང་ཕྱི་ཁའི་ གདོང་ལེན་ཚུ་འབྱུང་རུང་ རྒྱལ་ཁབ་འདི་ གོ་སྐབས་དང་རེ་བ་བཀང་ཚུགས་པའི་ས་གོ་དང་ ལྡོག་ཤུགས་ཡོད་པ་ དེ་ལས་ ལམ་སྲོལ་སྣ་ཚོགས་དང་སྒྱུར་འབྲས་ཅན་གྱི་ མིང་གཏམ་ཡོད་མི་ཅིག་ཨིན།
རྒྱབ་རྟེན།
https://en.wikipedia.org/wiki/United States of America
