close
Jump to content

བྷར་ཀི་ན་ཕེ་སོ། Burkina Faso

Wikipedia ལས།
BERJAYA
བྷར་ཀི་ན་ཕེ་སོའི་རྒྱལ་དར།

སའི་རྒྱ་ཚད་ ཆགས་ཡུལ་དང་ གནམ་གཤིས། བྷར་ཀི་ན་ཕེ་སོ་འདི་ ནུབ་ཕྱོགས་ཨཕ་རི་ཀ་ལུ་ཆགས་ཏེ་ཡོད་པའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་གཅིག་ཨིནམ་དང་ ས་ཆའི་རྒྱ་ཁྱོན་ ཨིས་ཀོ་ཡར་ཀི་ལོ་མི་ཊར་༢༧༤,༢༠༠ དེམ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ བྱང་དང་ནུབ་ཁ་ཐུག་ལུ་ མཱ་ལི་དང་ བྱང་ཤར་ལུ་ ནཱའི་ཇཱ་ ཤར་ལྷོ་ལུ་ བྷེ་ནིན་ དེ་ལས་ ལྷོ་ལུ་ ཊོ་གྷོ་དང་ གྷ་ན་ དེ་ལས་ ཀོཊ་ཌི་ཝ་གི་རྒྱལ་ཁབ་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ཨིན། བདག་སྐྱོང་གི་ཐད་ལུ་ རྒྱལ་ཁབ་འདི་ ལུང་ཕྱོགས་༡༣ ལུ་དབྱེ་སྟེ་ཡོདཔ་དང་ དེ་ཚུ་ཡང་ དོ་རུང་ མངའ་སྡེ་༤༥ ལུ་དབྱེ་སྟེ་ཡོདཔ་ཨིན། ལུང་ཕྱོགས་འདི་ཚུ་གིས་ གཞུང་སྐྱོང་གི་དབང་ཚད་ཕྱིར་སྤེལ་འབད་ནི་དང་ ས་གནས་ཀྱི་ལས་དོན་ཚུ་དོན་སྨིན་ཅན་སྦེ་ འཛིན་སྐྱོང་འཐབ་ནི་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན།

ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བྷར་ཀི་ན་ཕེ་སོ་འདི་ མང་ཤོས་རང་ ཐང་སྦེ་ཡོདཔ་དང་ དཔྱ་སྙོམས་ལུ་ མཚོ་ཁ་ལས་མཐོ་ཚད་ མི་ཊར་༥༠༠ དེམ་ཅིག་ཡོད་པའི་ ལ་ཐང་ཚུ་ཡང་ཡོདཔ་ཨིན། དེ་གུ་ གངས་རི་ཡང་ རེ་རེ་གཉིས་གཉིས་ཡོདཔ་དང་ མཐོ་ཚད་མི་ཊར་༧༤༧ འབད་མི་ ཊེ་ན་ཀོ་རུ་གངས་རི་འདི་ རྒྱལ་ཁབ་འདི་གི་གངས་རི་མཐོ་ཚད་མཐོ་ཤོས་ཨིན། གནམ་གཤིས་འདི་ ཊོ་པི་ཀཱལ་ ཟེར་བའི་གནམ་གཤིས་ཨིནམ་ལས་ ཚ་དྲོད་ཀྱི་དུས་ཚོད་དང་ རློན་གཤེར་དང་སྐམ་པའི་དུས་ཚོད་ཚུ་ སོ་སོ་སྦེ་ཡོདཔ་ཨིན། ཆརཔ་རྐྱབ་པའི་དུས་ཚོད་འདི་ སྤྱི་ཟླ་༥ པ་དང་༦ པ་ལས་ སྤྱི་ཟླ་༩ པ་ཚུན་ཚོད་ཨིན། དེ་ལས་ སྐམ་ཀྲོག་ཀྲོ་སྦེ་སྡོད་པའི་དུས་ལུ་ ས་ཧ་རའི་བྱེ་ཐང་ལས་ ཚ་དྲོད་ཅན་དང་ཐལཝ་ཡོད་པའི་རླུང་མ་འཕུ་དོ་ཡོདཔ་ཨིན། སྤྱིར་བཏང་ལུ་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ས་ཁོངས་ཚུ་ སཱ་ཧེལ་ས་ཁོངས་ཀྱི་ཆ་ཤས་ཅིག་ཨིནམ་ལས་ ས་སྐམ་རྡོ་སྐམ་སྦེ་སྡོད་དོ་ཡོདཔ་དང་ ལྷོ་ཕྱོགས་ས་ཁོངས་ཚུ་ནང་ ཆརཔ་མང་སུ་སྦེ་རྐྱབ་དོ་ཡོདཔ་མ་ཚད་ ཚ་དྲོད་ཅན་དང་རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་ཨིན།

BERJAYA
བྷར་ཀི་ན་ཕེ་སོའི་ས་ཁྲ།

མི་རློབས་དང་མི་རིགས།

བྷར་ཀི་ན་ཕེ་སོ་ལུ་མི་རློབས་ས་ཡ་༢༡.༩ དེམ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་དེ་ཡོདཔ་དང་ མི་རིགས་མ་འདྲཝ་༦༠ ལྷགཔ་ཅིག་ཡོདཔ་ཨིན། མི་རློབས་བརྒྱ་ཆ་༥༤ དེམ་ཅིག་ མོ་སི་ཟེར་བའི་མི་རིགས་འདི་ཨིནམ་ལས་ མི་རིགས་སྡེ་ཚན་སྦོམ་ཤོས་ཨིན། སྔོན་དང་ཕུ་ལས་ར་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་ཚུ་ག་ར་ མི་རིགས་འདི་གི་ འབད་ཐངས་བཅའ་ཐངས་ཀྱི་དབང་ལུ་ཐལ་ཏེ་ཡོདཔ་ཨིན། གལ་ཅན་གྱི་མི་རིགས་གཞན་ཚུ་ཡང་ ནོར་དང་ལུག་འཚོ་སྟེ་སྡོད་མི་ ཕུ་ལ་ནི་ཟེར་བའི་མི་རིགས་དང་ དེ་བཟུམ་སྦེ་ ལག་བཟོ་ལུ་ཡོངས་གྲགས་ཡོད་པའི་ གུ་རུན་སི་ ཟེར་བའི་མི་རིགས་འདི་ཨིན། དེ་གུ་ བི་ས་དང་ གོར་མ་ ཟེར་བའི་མི་རིགས་ཚུ་ཡང་ཡོདཔ་ཨིན། སྡེ་ཚན་འདི་ཚུ་གིས་ ས་གནས་ཀྱི་སྐད་ཡིག་མ་འདྲཝ་ཚུ་ སླབ་དོ་ཡོདཔ་མ་ཚད་ གཞུང་འབྲེལ་དང་ཤེས་རིག་ནང་ལག་ལེན་འཐབ་དོ་ཡོད་པའི་ གཞུང་འབྲེལ་ཁ་སྐད་ ཕྲེནཆ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན།

མི་རིགས་སྣ་ཚོགས་ཡོད་མི་ལས་བརྟེན་ མི་སྡེ་དང་ལམ་སྲོལ་ཚུ་ཡང་ ལྷམ་པ་མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ མི་རིགས་སྡེ་ཚན་རེ་རེ་གིས་ ཁོང་རའི་ལམ་སྲོལ་དང་སྙན་ཆ་ དེ་ལས་ གོ་ལ་དང་དུས་སྟོན་ཚུ་ མ་འདྲཝ་སྦེ་ཡོདཔ་ཨིན། མི་རིགས་མ་འདྲཝ་ཡོད་དེ་འབད་རུང་ བྷར་ཀི་ན་ཕེ་སོ་གི་མི་སེར་ཚུ་གི་སེམས་ཁར་ རྒྱལ་ཡོངས་ངོ་རྟགས་ཀྱི་ཚོར་བ་འདི་ སྟོབས་ཤུགས་ཅན་སྦེ་ཡོདཔ་དང་ མི་སྡེའི་སྲོལ་རྒྱུན་དང་ བྱུང་རབས་ དེ་ལས་ མི་རིགས་ཚུའི་ནང་འཁོད་མཉམ་འབྲེལ་འབད་ཐངས་ཚུ་གིས་ཐོག་ལས་ ཚོར་བ་འདི་གསལ་སྟོན་འབད་དོ་ཡོདཔ་ཨིན།

གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།

བྷར་ཀི་ན་ཕེ་སོ་འདི་ སྲིད་འཛིན་གྱིས་སྐྱོང་བའི་གཞུང་གཅིག་རྐྱངམ་གཅིག་ཡོད་པའི་ མི་སེར་རྒྱལ་ཁབ་གཅིག་ཨིནམ་དང་ ཁོང་གི་སྲིད་དོན་ལམ་ལུགས་འདི་ སྤྱི་ལོ་༡༩༩༡ ལུ་ ཆ་འཇོག་འབད་ཡོད་པའི་ རྩ་ཁྲིམས་འདི་ལུ་ གཞི་བཞག་དོ་ཡོདཔ་ཨིན། མི་སེར་གྱིས་ཚོགས་རྒྱན་བཙུགས་ཏེ་ ལོ་༥ གི་དོན་ལུ་ བཙག་འཐུ་གྲུབ་མི་ སྲིད་འཛིན་འདི་ རྒྱལ་ཁམས་ཀྱི་དབུ་ཁྲིདཔ་ཨིན་པའི་ཁར་ དམག་སྡེའི་དམག་སྤྱི་ཡང་ཨིན། སྲིད་འཛིན་ལུ་ བློན་ཆེན་བསྐོ་བཞག་འབད་ནི་ཚུ་བརྩིས་ཏེ་ འཛིན་སྐྱོང་གི་དབང་ཚད་སྦོམ་ཡོདཔ་ཨིན། སྲིད་འཛིན་གྱིས་བསྐོ་བཞག་འབད་བའི་བློན་ཆེན་འདི་གིས་ གཞུང་གི་དབུ་ཁྲིདཔ་གི་འགན་ཁུར་འབག་སྟེ་ ཉིན་བསྟར་གྱི་བདག་སྐྱོང་གི་ལཱ་ཚུ་འབདཝ་ཨིན།

ཁྲིམས་བཟོ་ལྷན་སྡེ་ནང་ ཚོགས་ཁང་གཅིག་རྐྱངམ་གཅིག་ཡོདཔ་དང་ འདི་ཡང་ རྒྱལ་ཡོངས་ཚོགས་འདུ་གི་ཚོགས་ཁང་འདི་ཨིན། ཚོགས་ཁང་འདི་གི་འཐུས་མི་ཚུ་ ལོ་༥ གི་དོན་ལུ་ བཙག་འཐུ་འབད་དོ་ཡོདཔ་ཨིན། དེ་ལས་ ཚོགས་ཁང་འདི་གིས་ བཅའ་ཁྲིམས་དང་འཆར་དངུལ་ཚུ་ཆ་འཇོག་འབད་དོ་ཡོདཔ་མ་ཚད་ འཛིན་སྐྱོང་ལྷན་སྡེའི་དབང་ཚད་ལུ་དགག་བཤེར་ཡང་འབདཝ་ཨིན། དེ་ལས་ དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཅན་ཨིནམ་དང་ མངོན་མཐོ་ཁྲིམས་འདུན་དེ་ ཁྲིམས་འདུན་མཐོ་ཤོས་ཨིན། འདས་པའི་ལོ་ཚུ་ནང་ བྷར་ཀི་ན་ཕེ་སོ་གི་སྲིད་དོན་གྱི་གནས་སྟངས་ལུ་ བཙན་དབང་གཞུང་བཟུང་དང་ ས་ཧཱིལ་ལུ་ཡོད་པའི་གཡིབ་དམག་དང་འབྲེལ་བའི་ཉེན་སྲུང་གི་དཀའ་ངལ་ ལ་སོགས་པའི་སྟབས་མ་བདེཝ་ཚུ་ཐོན་ཡོདཔ་ལས་ གཞུང་སྐྱོང་གི་གཞི་བཀོད་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན།

ལམ་སྲོལ་དང་ཆོས་ལུགས།

བྷར་ཀི་ན་ཕེ་སོ་ལུ་ མི་རིགས་མ་འདྲཝ་ཡོདཔ་ལས་ ལམ་སྲོལ་གྱི་མཐོང་སྣང་ཡང་སྣ་ཚོགས་སྦེ་ཡོདཔ་ཨིན། སྙན་ཆ་དང་ཞབས་ཁྲ་འདི་ མི་སྡེའི་ནང་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་དང་ རང་ལུགས་ཀྱི་རོལ་དབྱངས་ བཱ་ལ་ཕོན་དང་ བང་རྔ་ དེ་ལས་ ཀོ་ར་ཚུ་ མཛད་སྒོ་དང་དུས་སྟོན་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་འདི་ ཨཕ་རི་ཀའི་གློག་བརྙན་དང་རྒྱང་མཐོང་དུས་སྟོན་ ཨའུ་ག་ཌོ་གུ་ཟེར་མི་ ལམ་སྲོལ་གྱི་ལས་རིམ་གཙོ་ཅན་འདི་འགོ་འདྲེན་འཐབ་སའི་ ཡོངས་གྲགས་ཅན་གྱི་ས་ཁོངས་ཅིག་ཨིན།

ཆོས་ལུགས་ཀྱི་ཐད་ལུ་ བྷར་ཀི་ན་ཕེ་སོ་འདི་ ཆོས་ལུགས་ལེ་ཤ་དར་སའི་རྒྱལ་ཁབ་གཅིག་ཨིན། མི་རློབས་བརྒྱ་ཆ་༦༤ དེམ་ཅིག་གིས་ཁ་ཆེའི་ཆོས་ལུགས་ལུ་དད་པ་བསྐྱེད་དོ་ཡོདཔ་ཨིན། དེ་ལས་ བརྒྱ་ཆ་༢༦ དེམ་ཅིག་གིས་ ཡེ་ཤུའི་ཆོས་ལུགས་འཛིན་དོ་ཡོདཔ་དང་ མང་ཤོས་ཅིག་རང་ རོ་མཱན་ཀེ་ཐོ་ལིག་བསྟེན་དོ་ཡོདཔ་ལས་ པྲོ་ཊེས་ཊེནཊ་གི་ཡེ་ཤུ་པའི་ཆོས་ལུགས་འཛིན་མི་འདི་ ཉུང་སུ་ཅིག་ཡོདཔ་ཨིན། དེ་ལས་ རང་ལུགས་ཀྱི་ཡིད་མོས་འདི་ མི་རློབས་བརྒྱ་ཆ་༩ དེམ་ཅིག་གིས་ བསྟེན་དོ་ཡོདཔ་དང་ འདི་ཡང་ འཕྲལ་འཕྲལ་སྐབས་ ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་དང་གཅིག་ཁར་སླ་བསྲེ་རྐྱབ་སྟེ་ ཆོས་ལུགས་གཅིག་མཚུངས་བཟོ་སྟེ་འཛིན་མི་ཡང་ཡོདཔ་ཨིན། ཆོས་ལུགས་མ་འདྲཝ་འདི་ཚུ་ བཟོད་བསྲན་གྱི་སྒོ་ལས་ མཉམ་དུ་གནས་ཏེ་ཡོདཔ་ཨིན།

དཔལ་འབྱོར་དང་ཚོང་འབྲེལ།

བཱར་ཀི་ན་ཕ་སོ་གི་དཔལ་འབྱོར་དེ་ སོ་ནམ་ལུ་བརྟེན་པའི་དཔལ་འབྱོར་ཨིནམ་དང་ མི་རློབས་བརྒྱ་ཆ་༩༠ དེམ་ཅིག་ སོ་ནམ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན། སོ་ནམ་གྱི་ལཱ་ཡང་ ཚོང་འབྲེལ་གྱི་དོན་ལུ་མེན་པར་ རང་འཚོ་ཙམ་གྱི་དོན་ལུ་འབད་དོ་ཡོདཔ་དང་ མང་ཆེ་ཤོས་རང་ སོར་གཱམ་དང་ མོན་བྱཱ་ གེ་ཟ་ དེ་ལས་ ཀ་བལ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན། ཀ་བལ་འདི་ དམིགས་བསལ་གྱི་ཁག་ཆེ་བའི་དངུལ་ཐོག་སྦེ་བརྩི་དོ་ཡོད་མི་འདི་ཡང་ ཀ་བལ་འདི་ ཕྱིར་ཚོང་ཐོན་སྐྱེད་གཙོ་བོ་གཅིག་ཨིནམ་ལས་ འདི་གིས་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གྱི་འོང་འབབ་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན།

སོ་ནམ་གྱི་ལཱ་གི་མ་དོ་བར་ བྷར་ཀི་ན་ཕེ་སོ་ལུ་ ས་གཏེར་གྱི་ཐོན་ཁུངས་ཡང་རྒྱ་ཆེཝ་སྦེ་ཡོདཔ་ཨིན། དམིགས་བསལ་དུ་ གསེར་འདི་ རྒྱལ་ཁབ་ཀྱི་ཕྱིར་ཚོང་གི་ཐོན་སྐྱེད་གཙོ་བོ་གཅིག་ལུ་འགྱུར་ཡོདཔ་ཨིན། ལོ་བསྟར་གསེར་གྱི་ཐོན་སྐྱེད་འདི་ ཊཱན་༥༧ དེ་ཅིག་ལུ་ལྷོད་དོ་ཡོདཔ་ལས་ ཨཕ་རི་ཀ་ལུ་ གསེར་གྱི་ཐོན་སྐྱེད་འབད་མི་རྒྱལ་ཁབ་གཙོ་བོ་ཅིག་ལུ་འགྱུར་ཡོདཔ་ཨིན། རང་བཞིན་གྱི་རྒྱུ་དངོས་དེ་སྦེ་ཡོད་རུང་ རྒྱལ་ཁབ་འདི་ འཛམ་གླིང་ནང་ དབུལ་ཕོངས་ཀྱི་ཚད་གཞི་མཐོ་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཨིན། དེ་ཡང་ མི་རློབས་བརྒྱ་ཆ་༤༠ ལྷགཔ་ཅིག་ དབུལ་ཕོངས་ཀྱི་ཚད་གཞི་ལས་དམའ་བའི་ གནས་སྟངས་ནང་སྡོད་དོ་ཡོདཔ་ཨིན། ཁོང་གི་དཔལ་འབྱོར་ལུ་ སྲུང་སྐྱོབ་ཀྱི་ཉེན་ཁ་དང་ སྲིད་དོན་གནས་སྟངས་བརྟན་ཏོག་ཏོ་མེད་མི་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚད་གཅིག་ལས་བརྒལ་མེད་མི་ ལ་སོགས་པའི་གདོང་ལེན་ཚུ་བྱུང་དོ་ཡོད་རུང་ གཞུང་གིས་ དཔལ་འབྱོར་སྣ་མང་བཟོ་སྟེ་ ས་གཏེར་དང་གཞན་མི་ལས་སྡེ་ཚུ་ནང་ མ་རྩ་གཞི་བཙུགས་འབད་མི་འཚོལ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན།

རྒྱལ་ས་ལྟེ་བ་ ཝ་གཱ་ཌུ་གུ།

སྤྱིར་བཏང་ལུ་ "ཝ་གཱ་" ཟེར་སླབ་མི་ ཝ་གཱ་ཌུ་གུ་འདི་ བྷར་ཀི་ན་ཕེ་སོ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། རྒྱལ་ཁབ་ཀྱི་ས་ཆའི་ལྟེ་བའི་ཉེ་འདབས་ལུ་ཆགས་ཏེ་ཡོད་མི་ ཝ་གཱ་ཌུ་གུ་འདི་ བྷར་ཀི་ན་ཕེ་སོ་གི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་སྙིང་རྩ་ཅིག་སྦེ་ཆ་བཞགཔ་ཨིན། ཁྲོམ་འདི་ བཟོད་བསྲན་དང་ལམ་སྲོལ་ དེ་ལས་ དེང་སང་གི་གནས་སྟངས་དང་མཐུན་པའི་ཡར་རྒྱས་ཀྱི་ བརྡ་མཚོན་གཅིག་སྦེ་གནས་ཏེ་ཡོདཔ་ཨིན།

ཝ་གཱ་ཌུ་གུ་འདི་ དུས་རབས་༡༥ པའི་ནང་གཞི་བཙུགས་འབད་མི་ སྟོབས་ཤུགས་ཅན་གྱི་ མོ་སིའི་རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ཚུ་གི་ལྟེ་བ་གཅིག་སྦེ་ སྡོད་ཡོདཔ་ཨིན། བྷར་ཀི་ན་ཕེ་སོ་ལུ་ མི་རིགས་ཁྱབ་ཆེ་ཤོས་ཅིག་ཨིན་མི་ མོ་སི་ཚུ་གིས་ རྒྱལ་ཁབ་འདིའི་ལམ་སྲོལ་དང་སྲིད་དོན་ལམ་ལུགས་ཚུ་ གསར་བཟོ་འབད་ཡོདཔ་ཨིན། རྒྱལ་ཁབ་འདི་ ཕྲནས་གི་དབང་འོག་ལུ་སྡོད་པའི་སྐབས་ སྤྱི་ལོ་༡༩༡༩ ལུ་ ཝ་གཱ་ཌུ་གུ་འདི་ གཞུང་འབྲེལ་དུ་ ཝོལ་ཊ་སྟོད་ཀྱི་རྒྱལ་ས་ལྟེ་བ་སྦེ་ངོས་འཛིན་འབད་ཡོདཔ་དང་ འདི་ལས་འགོ་བཟུང་ ཁྲོམ་ཚོགས་འདི་ གཞུང་དང་བདག་སྐྱོང་གི་གདན་ས་ལུ་འགྱུར་ཡོདཔ་ཨིན། སྤྱི་ལོ་༡༩༥༠ ལོ་གྲངས་ནང་ རེ་ལི་ལམ་འགོ་བཙུགས་མི་འདི་གིས་ ཁྲོམ་ཚོགས་གོང་འཕེལ་མགྱོགས་དྲགས་སྦེ་བཏང་ཚུགས་ཡོདཔ་མ་ཚད་ ཝ་གཱ་ཌུ་གུ་འདི་ མཚོ་མཐའི་གྲུ་ཁ་ཚུ་དང་མཐུད་ཡོདཔ་ལས་ ཚོང་འབྲེལ་ལུ་ཕན་ཐོགས་བྱུང་ཡོདཔ་ཨིན།

ད་རེས་ནངས་པ་ ཝ་གཱ་ཌུ་གུ་འདི་ མི་ས་ཡ་༣.༥ ལྷགཔ་ཅིག་སྡོད་སའི་ ཁྲོམ་སྡེ་ཅིག་ཨིནམ་མ་ཚད་ ཨཕ་རི་ཀའི་ལུང་ཕྱོགས་ནང་ ཡར་རྒྱས་མགྱོགས་དྲགས་སྦེ་འགྱོ་བའི་ ཁྲོམ་ཚོགས་གཅིག་ཨིན། མི་རློབས་ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ ཁྲོམ་འདི་ལུ་ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ ཁྲོམ་སྡེའི་གཞི་རྟེན་མཐུན་རྐྱེན་དང་ སྡོད་ཁྱིམ་ དེ་ལས་ མི་མང་ཞབས་ཏོག་ཚུ་ལུ་ བྱེམ་ཡང་ཕོག་སྟེ་ཡོདཔ་ཨིན། ཁྲོམ་འདི་ནང་ རང་ལུགས་ཀྱི་ཚོང་ཁང་དང་ འུར་ཟིང་ཅན་གྱི་ཉེ་འདབས་ས་གོ་ དེ་ལས་ ཁྲོམ་ཟུར་གྱི་ཁྱོན་ཡངས་ས་གོ་ཚུ་ ལེ་ཤ་ཡོདཔ་ཨིན། རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་གིས་ ཁྲོམ་ཚོགས་ཡུན་བརྟན་གོང་འཕེལ་གྱི་ལས་འགུལ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ ལམ་གྱི་འབྲེལ་མཐུད་དང་ གཙང་སྦྲ་འཕྲོད་བསྟེན་ དེ་ལས་ གློག་མེ་བཀྲམ་སྤེལ་གྱི་ལཱ་ཚུ་ འབད་བའི་བསྒང་ར་ཡོདཔ་ཨིན།

དཔལ་འབྱོར་གྱི་ཐད་ལུ་ ཝ་གཱ་ཌུ་གུ་འདི་ བྷར་ཀི་ན་ཕེ་སོ་གི་དཔལ་འབྱོར་གྱི་དོན་ལུ་ ཁག་ཆེ་ཤོས་གཅིག་སྦེ་བརྩི་དོ་ཡོདཔ་ཨིན། མི་སེར་མང་ཤོས་ཅིག་ར་ ཁྲོམ་འདི་ནང་ཡོད་པའི་ཚོང་ཁང་དང་བཟོ་གྲྭ་ཆུང་བ་ཚུ་ལུ་བརྟེན་ཏེ་ འཚོ་བ་སྐྱོང་དོ་ཡོདཔ་དང་ ཁོང་གིས་ ཟ་འཐུང་བཟོ་གྲྭ་དང་ གོ་ལ་ སྤགས་ཀོ་གི་ཅ་ཆས་བཟོ་སྐྲུན་ དེ་ལས་ ལག་བཟོ་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན། དེ་མ་ཚད་ ཁྲོམ་གྱི་ཆགས་གནས་ལས་བརྟེན་ ཁྲོམ་ཚོགས་འདི་ རྒྱལ་ཁབ་ཀྱི་སྐྱེལ་འདྲེན་དང་ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ལུ་འགྱུར་ཡོདཔ་ཨིན། བཟོ་གྲྭ་གཞི་བཙུགས་འབད་ནི་འདི་ ཚད་འཛིན་འབད་དེ་ཡོད་རུང་ ལྟ་བཤལ་དང་ཞབས་ཏོག་ དེ་ལས་ འཕྲུལ་རིག་ལས་སྡེ་ ལ་སོགས་པའི་དཔལ་འབྱོར་གྱི་ལས་སྡེ་ཚུ་ སྣ་མང་བཟོ་ནི་ལུ་ དམིགས་པ་བསྐྱེད་དོ་ཡོདཔ་ཨིན།

ལམ་སྲོལ་གྱི་ཐད་ཁར་ ཝ་གཱ་ཌུ་གུ་འདི་ ཨཕ་རི་ཀ་ལུང་ཕྱོགས་ནང་ སྒྱུ་རྩལ་གྱི་ལམ་སྲོལ་ཕྱུགཔོ་སྦེ་ཡོད་པའི་ཁྲོམ་ཚོགས་གཅིག་ཨིན་པའི་ ཡོངས་གྲགས་ཡོདཔ་ཨིན། ཁྲོམ་ཚོགས་འདི་གིས་ ཨཕ་རི་ཀའི་གླིང་ཆེན་ནང་ལུ་ གློག་བརྙན་དུས་སྟོན་སྦོམ་ཤོས་དང་མིང་གཏམ་ཅན་ཅིག་ཨིན་མི་ ཕེསི་པ་ཀོ་ཟེར་མི་འདི་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ཕེསི་པ་ཀོ་གིས་ ཨཕ་རི་ཀའི་ སྲུང་བཤད་དང་གློག་བརྙན་ཚུ་ བརྩི་སྲུང་འབད་ནི་གི་དོན་ལུ་ ཨཕ་རི་ཀ་དང་ འཛམ་གླིང་ནང་འཁོད་ལས་ གློག་བརྙན་བཟོ་མི་དང་ འཁྲབ་རྩེདཔ་ དེ་ལས་ གློག་བརྙན་ལུ་དགའ་མི་ཚུ་ བཀུག་དོ་ཡོདཔ་ཨིན། དེ་མ་ཚད་ ཝ་གཱ་ཌུ་གུ་ལུ་ སྙན་ཆའི་མཐོང་སྣང་དང་ ཞབས་ཁྲའི་ལམ་སྲོལ་ དེ་ལས་ བྷར་ཀི་ན་ཕེ་སོ་གི་ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབད་མི་ སྒྱུ་རྩལ་མཁནམ་ལེ་ཤ་ཅིག་ཡོདཔ་ཨིན།

དེ་ལས་ ཁྲོམ་ཚོགས་འདི་ནང་ ཆོས་ལུགས་མ་འདྲཝ་དང་ བྱུང་རབས་ཀྱི་ཁག་ཆེ་ཧིང་ཚུ་ གསལ་སྟོན་འབད་མི་ བྷར་ཀི་ན་ཕེ་སོ་གི་རྒྱལ་ཡོངས་འགྲེམས་སྟོན་ཁང་དང་ ཁ་ཆེའི་ལྷ་ཁང་སྦོམ་ དེ་ལས་ ཨི་མ་ཀུ་ལེཊ་ཀཱན་སེཔ་ཤཱན་གྱི་ཡེ་ཤུའི་ལྷ་ཁང་ ལ་སོགས་པའི་ ཁག་ཆེ་བའི་ས་ཁོངས་ཚུ་ཡང་ཡོདཔ་ཨིན། དེ་གུ་ རང་ལུགས་ལག་བཟོའི་ཚོང་ཁང་དང་ སྤྲོ་བ་ཅན་གྱི་དུས་སྟོན་ དེ་ལས་ མི་སྡེའི་ལས་རིམ་ཚུ་གིས་ ཁྲོམ་གྱི་མི་ཚེའི་གནས་སྟངས་འདི་ ཧེང་སྐལ་རང་ སྤྲོ་ཉམས་ཅན་བཟོཝ་ཨིན།

ཨིན་རུང་ ཝ་གཱ་ཌུ་གུ་ལུ་ གདོང་ལེན་དང་དཀའ་ངལ་ཡང་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན། དེ་ཡང་ ཁྲོམ་ཚོགས་མགྱོགས་དྲགས་སྦེ་གོང་འཕེལ་འགྱོ་མི་ལས་བརྟེན་ སྡོད་ཁྱིམ་དང་སྐྱེལ་འདྲེན་ དེ་ལས་ མི་སྡེ་ཞབས་ཏོག་ཚུ་ལུ་ བྱེམ་ཕོག་ཡོདཔ་ལས་ ཚུལ་མིན་གྱི་གཞིས་ཆགས་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན། སཱ་ཧེལ་ལུ་ཡོད་པའི་ དྲག་སྤྱོད་སྡེ་ཚན་ཚུ་གིས་གནོད་ཉེན་དང་ ལུང་ཕྱོགས་ཀྱི་ཟིང་འཁྲུག་ལས་བརྟེན་ སྲུང་སྐྱོབ་ཀྱི་ཚ་གྱང་ཡང་ ལང་དོ་ཡོདཔ་ཨིན། སྟབས་མ་བདེཝ་འདི་ཚུ་ལས་བརྟེན་ གཞུང་སྐྱོང་དང་གོང་འཕེལ་གྱི་ལས་སྣ་ལུ་ཡང་ གདོང་ལེན་བྱུང་དོ་ཡོདཔ་ཨིན། གཞུང་གིས་ རྒྱལ་སྤྱིའི་འདུས་ཚོགས་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་ ཉེན་སྲུང་ཡར་དྲག་གཏང་ནི་དང་ ཁྲོམ་སྡེ་འཆར་གཞི་ཡར་དྲག་གཏང་ནི་ དེ་ལས་ མི་སྡེ་གཅིག་མཐུན་ཡར་དྲག་གཏང་ནི་ལུ་ ལཱ་འབད་དོ་ཡོདཔ་ཨིན།

རྒྱབ་རྟེན་དཔེ་ཐོ།

  1. World Bank, “Burkina Faso Overview”
  2. CIA World Factbook, “Burkina Faso”
  3. CountryReports.org, “Burkina Faso Geography and Demographics”
  4. GlobalEDGE, “Burkina Faso Government”
  5. Reuters, “Burkina Faso Nationalizes More Industrial Mines”
  6. WorldAtlas, “Religious Beliefs in Burkina Faso”
  7. Encyclopædia Britannica – Burkina Faso
  8. Economist Intelligence Unit – City Profile: quagadougou
  9. United Nations Human Settlements Programme (UN-Habitat) – Urban Development in quagadougou
  10. African Development Bank Group – Burkina Faso Economic Outlook
  11. UNESCO – FESPACO and Cultural Heritage in Burkina Faso
  12. World Bank – Urban Growth and Infrastructure in quagadougou